Pages - Menu

Monday, August 16, 2021

༆ །ཤིང་མཁར་བདེ་ཆེན་ཆོས་གླིང་དགའ་ལ་སྐྱིད།།

 

༆ །ཤིང་མཁར་བདེ་ཆེན་ཆོས་གླིང་དགའ་ལ་སྐྱིད།། སྐྱིད་ལ་སྤྲོ་བའི་གླུ་དབྱངས་མཆོད་པ་ཕུལ།།

མཆོད་པ་ཀུན་མཁྱེན་ཡབ་སྲས་མདུན་དུ་ཕུལ།། གནས་མཆོག་ཆོས་ལ་བཀོད་པའི་དངོས་གྲུབ་ཡོད།།

ཤིང་མཁར་བདེ་ཆེན་ཆོས་གླིང་དགའ་ལ་སྐྱིད།། སྐྱིད་ལ་སྤྲོ་བའི་ཞབས་བྲོ་མདུན་དུ་ཁྲབ།།

མདུན་དུ་མཆོད་པ་སྣ་ཚོགས་སྤུངས་སེ་སྤུངས།། ལོངས་སྤྱོད་ཟད་པ་མེད་དངོས་གྲུབ་ཡོད།།

ཤིང་མཁར་བདེ་ཆེན་ཆོས་གླིང་དགའ་ལ་སྐྱིད།། སྐྱིད་ལ་སྤྲོ་བའི་ཞབས་བྲོ་གཡས་སུ་ཁྲབ།།

གཡས་སུ་དཔའ་བོའི་འགྲོ་བརྡུང་ཁྲབ་སེ་ཁྲབ།། གཡས་ཀྱི་གྲིབ་པ་དག་པའི་དངོས་གྲུབ་ཡོད།།

ཤིང་མཁར་བདེ་ཆེན་ཆོས་གླིང་དགའ་ལ་སྐྱིད།། སྐྱིད་ལ་སྤྲོ་བའི་ཞབས་བྲོ་གཡོན་དུ་ཁྲབ།།

གཡོན་དུ་དཔའ་མོའི་མགར་འཆམ་འཆམ་སེ་འཆམ།། གཡོན་གྱི་གྲིབ་པ་དག་པའི་དངོས་གྲུབ་ཡོད།།

ཤིང་མཁར་བདེ་ཆེན་ཆོས་གླིང་དགའ་ལ་སྐྱིད།། སྐྱིད་ལ་སྤྲོ་བའི་ཞབས་བྲོ་དབུས་སུ་ཁྲབ།།

དབུས་ན་ནོར་བུའི་བང་མཛོད་འཁྱི་ལི་ལི།། བུ་ནོར་དར་ཞིང་རྒྱས་པའི་དངོས་གྲུབ་ཡོད།།

ཤིང་མཁར་བདེ་ཆེན་ཆོས་གླིང་དགའ་ལ་སྐྱིད།། སྐྱིད་ལ་སྤྲོ་བའི་ཞབས་བྲོ་རྒྱབ་ཏུ་ཁྲབ།།

རྒྱབ་བསྟན་ལྷ་དང་སྲུང་མའི་གདོང་གྲོགས་མཛད།། སྐུ་མཆོག་གྱུར་བ་མེད་པའི་དངོས་གྲུབ་ཡོད།།

 

ཤིང་བླ་ཀུན་བཟང་དབང་ཕྱུགས་པས་སོ།། བདེ་ལེགས་སུ་གྱུར་ཅིག །

༆ །བསླུ་མེན་སྐྱབས་མཆོག་བླ་མ།།

 

༆ །བསླུ་མེན་སྐྱབས་མཆོག་བླ་མ།། ཀུན་མཁྱེན་ཀློང་ཆེན་རབས་འབྱམས།། ད་ལྟ་མཇལ་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། གསོལ་བ་འདེབས་པའི་བུ་ལ།། ཕ་ཡིས་བྱིན་གྱིས་རློབ་མཛོད།། སྨན་ལྗོངས་སྦས་པའི་གནས་སུ།། གདན་ས་གླིང་བརྒྱད་ཆགས་ནས།། འབྲུག་ཡུལ་བདེ་སྐྱིད་ཤར་ཡོད།། གནས་ས་ཤིང་མཁར་བདེ་གླིང་།། རྒྱལ་བ་བཞུགས་ས་ཡིན་པས།། ད་ལྟ་བཞུགས་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། སྟོད་ན་རིབོ་ཟུར་ཆེན།། བདེ་བ་ཅན་དང་འདྲ་སོང་།། ཞིང་ཁམས་ཡིན་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། བར་ན་རིན་ཆེན་བྱུང་གནས།། ཀུན་མཁྱེན་བཀའ་ཆོས་བརྩམས་ས།། ད་ལྟ་བརྩམས་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། གཡས་ན་ལྷ་ཆེན་ནོར་ལྷ།། ཡུལ་འཁོར་སྲུང་བའི་ཕོ་ལྷ།། དངོས་སུ་མཇལ་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། གཡས་ན་ཤར་ཟུར་བྲག་ཆེན།། ཨྱོན་གུ་རུའི་གྲུབ་ཕུག། ད་ལྟ་བཞུགས་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། བྲག་གི་ཕང་པའི་སྟེང་ན།། ཨྱོན་གུ་རུའི་བཞུགས་ཁྲི།། ད་ལྟ་བཞུགས་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། དམན་ན་སྤུར་རྒྱལ་རི་བོ།། མཎྜལ་ཚོམ་བུ་བཀོད་པ།། དངོས་སུ་ཕུལ་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། དབུས་ན་ཆོས་འཁོར་སྐོར་ས།། བདེ་གླིང་བཞུགས་ཁྲི་སྟེང་དུ།། ད་ལྟ་བཞུགས་ན་དགའ་སོང་།། ཀུན་མཁྱེན་རྒྱལ་བའི་དབང་པོ།། གྲོང་ཁྱེར་འདི་ནང་འཛོམས་པ།། དཔའ་བོ་དཔའ་མོའི་རང་བཞིན།། གཏན་དུ་འཛོམས་ན་དགའ་སོང་།།་ ཀུན་མཁྱེན་རྒྱལ་བའི་དབང་པོ།། རྟག་བརྟན་མེད་པའི་གྲོང་ཁྱེར།། དགའ་རུང་སྙིང་པོ་མིན་འདུག། སྙིང་པོའི་བླ་མ་མཁྱེན་ནོ།། ཀུན་མཁྱེན་རྒྱལ་བའི་དབང་པོ།། འཕོ་འགྱུར་མེན་པའི་གསོལ་བ།། ཀུན་མཁྱེན་བླ་མར་འདེབས་ཏེ།། དཔལ་རི་ཞིང་དུ་བསྐྱེད་ཆོག།      

ཅེས་པའང་ཀུན་མཁྱེན་རིན་པོ་ཆེ་བཞུགས་པའི་གནས་བྱིན་ཅན་རིན་ཆེན་འབྱུང་གནས་ནས་ཞིང་ཕེབས་ཤིང་མཁར་བླ་མ་དྲགོས་ཀུན་བཟང་དབང་ཕྱུགས་མཆོག་ཐུགས་སྙིང་ནས་སྐྱོ་ཞིང་ཀུན་མཁྱེན་བླ་མར་གསོལ་བ་ཕུར་གཙུགས་ནས་མཎྜལ་འདེབས་པའོ།།