As Reported By Kuensel, Bhutan's National News Paper.
༉ བུམ་ཐང་རྫོང་ཁག་ ཨུ་ར་ཤིང་མཁར་གྱི་ གཡུས་ཚན་དེ་ སྔོན་དང་ཕུ་ལས་ར་ ལ་ནོར་ལུ་ འཚོ་བ་བརྟེན་སྡོད་མི་ཨིནམ་ལས་ ས་གནས་ཀྱི་ མི་སེར་ཚུ་ རང་མགོ་རང་འདྲོངས་སྦེ་ སྡོད་མི་ཅིག་ཨིན་རུང་ རྒྱལ་ཁབ་གོང་འཕེལ་འགྱོ་མི་ལུ་བརྟེན་ ལུང་གཤོང་དེ་ནང་ གཡག་གསོ་སྐྱོང་ལམ་སྲོལ་དེ་ མར་ཉམས་འགྱོ་དོ་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་ལོ་ངོ་བཅུ་ཕྲག་༡ དེ་ཅིག་ལས་འགོ་བཙུགས་ ཨུ་རའི་མི་ཚུ་གིས་ གཡག་རུ་ཁག་སྦེ་ དབང་འདུས་ཕོ་བྲང་རྫོང་ཁག་ ཀློང་སྟོད་དང་ ཀློང་སྨད་ཀྱི་ འབྱོགཔ་ཚུ་ལུ་ བཙོང་ཡོདཔ་ལས་ ཧེ་མ་ གཡག་ལེ་ཤ་ཡོད་མི་ ཁྱིམ་གུང་༢༠ དེ་ཅིག་ཡོད་རུང་ ད་རེས་ནངས་པ་ ཤིང་མཁར་ལུ་ གཡག་རུ་ཁག་སྦེ་ གསོ་སྐྱོང་འཐབ་མི་ ཁྱིམ་གུང་༡ མ་གཏོགས་མེདཔ་ཨིན་པས།
ཕ་བརྒྱུད་བུ་བརྒྱུད་སྦེ་ ལ་ནོར་འཚོ་སྐྱོང་འཐབ་མི་ ཨཔ་བསོད་ནམས་ཀྱིས་ ཁོ་རའི་བུ་དང་ བུམོ་ཚུ་གིས་ གཡག་ཚུ་བཙོང་དགོཔ་སྦེ་སླབ་རུང་ དང་ཕུའི་ལམ་སྲོལ་ལུ་ གཞི་འཛིན་འབད་དེ་ ཉན་མ་བཏུབ་ཨིན་པས།
ཁོ་གི་བུ་ ཀུན་བཟང་གིས་ སླབ་མིའི་ནང་ ཁོང་ཨ་ལུ་ཚུ་ག་ར་ སྦོམ་ཐལ་ཡོདཔ་མ་ཚད་ ལ་ལུ་ཤེས་ཡོན་སྦྱང་ཚར་ཏེ་ ལཱ་གཡོག་ནང་ཡོདཔ་ལས་ ལོ་དང་ན་ཚོད་རྒས་པའི་ ནམ་དུས་ལུ་ ལ་ཁ་ལས་ཕར་ ལ་ནོར་འཚོ་སྟེ་ སྡོད་དགོཔ་མིན་འདུག་ཟེར་མནོ་སྟེ་ ཨ་པ་ལུ་ གཡག་ཚུ་བཙོང་སྦེ་ ཁོང་ཨ་ལུ་ཚུ་དང་གཅིག་ཁར་ སྐྱིད་ཏོང་ཏོ་སྦེ་ སྡོད་ད་ཟེར་ ག་དེམ་ཅིག་སླབ་རུང་ཉན་མ་བཏུབ་ཟེར་ཨིན་པས།
སྐྱེས་ལོ་ ༧༥ ལང་མི་ ཨཔ་བསོད་ནམས་ཀྱིས་ ཁོ་གི་མི་ཚེ་ ལ་ནོར་དང་གཅིག་ཁར་སྐྱོང་སྟེ་ ལོ་ངོ་༌མང༌རབ་ཅིག་ སོང་ཡོདཔ་ལས་ གཡག་མེད་པར་ རྩ་ལས་ར་ སེམས་ཆགས་མི་ཚུགས་ཟེར་སླབ་སྟེ་ བཙོང་མ་བཏུབ་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ ཨཔ་བསོད་ནམས་དེ་ གཡག་ཚུ་ལུ་ བརྩེ་གདུང་དང་ ཞེན་ཆགས་ཀྱིས་ གཞན་ལུ་བཙོང་ནི་དེ་ སེམས་ཀྱིས་བཟོད་མ་ཚུགས་རུང་ ལོ་ན་རྒས་པའི་སྟབས་ཀྱིས་ ལ་ཁ་ལས་ཕར་ ལ་ནོར་ཚུ་ འཚོ་སྐྱོང་འཐབ་ནི་དང་ བལྟ་ནི་ལུ་ གཟུགས་ཀྱི་ལྕོགས་གྲུབ་མེད་མི་ལུ་བརྟེན་ ཁོ་གི་གཡག་དང་འབྱིམོ་ མཛོ་དང་མཛོ་མོ་ བསྡོམས་༥༠ དེ་ཅིག་ཡོད་མི་དེ་ བཙོང་དགོ་པའི་ གནས་སྟངས་ནང་ ལྷོད་ཡོདཔ་ཨིན་པས།
ཁོ་གི་ བུ་ཅིག་གིས་ སླབ་མིའི་ནང་ ཁོང་གི་གཡག་ཚུ་ གཞན་ཁར་བཙོང་ནི་དེ་ ཨ་པ་ལུ་ སེམས་ཀྱི་ན་ཟུག་སྦོམ་ཡོད་རུང་ ཐབས་ར་མིན་འདུག་ཟེར་ཨིནམ་ད་ མ་བཙོང་པར་བཞག་རུང་ འཕྲལ་ཁམས་ཅིག་ཁར་ ཤིང་མཁར་གྱི་ རྩྭ་ཐང་ནང་ གཡག་༡༠༠ དེ་ཅིག་ཚེ་ཐར་ བཏང་ཡོད་མི་ཚུ་ ལྟ་རྟོག་འབད་མི་ག་ཡང་མེད་པར་ ག་ལྷོད་སར་ བཏང་བཞག་ཡོད་མི་དེ་གིས་ དོ་འགྲན་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཨཔ་བསོད་ནམས་ཀྱིས་ གཡག་ཉོ་མི་ཅིག་ ད་ལྟོ་ འཚོལ་བའི་བསྒང་ཡོདཔ་ད་ ཁོ་གི་ གཡག་ཚུ་ བཙོང་ཚུགས་པ་ཅིན་ ཤིང་མཁར་གྱི་ རྩྭ་འབྲོག་དེ་ནང་ རྩྭ་བཟའ་མི་ ཚེ་ཐར་བཏང་མི་ གཡག་ཚུ་ཡོད་རུང་ ཤིང་མཁར་ལུ་ གཡག་གསོ་སྐྱོང་འཐབ་སྟེ་ ཐོན་སྐྱེད་འབད་མི་ག་ཡང་མི་འོང་ནི་ཨིན་པས།
ད་ལྟོ་ དཔལ་འབྱོར་རིག་པའི་ གཙུག་ལག་ཤེས་ཡོན་སྦྱང་པའི་བསྒང་ཨིན་མི་ ཀུན་བཟང་གིས་ སླབ་མིའི་ནང་ ཨ་པ་གིས་ གཡག་བཙོང་མ་བཏུབ་པར་ བཞག་མི་དེ་ཡང་ གཅིག་ལས་བལྟ་བ་ཅིན་ དོན་དག་སྦོམ་འདུག་ཟེར་ཨིནམ་ད་ དེ་ཡང་ཤིང་མཁར་གྱི་ རྩྭ་ཐང་དེ་ རྩེད་ཐང་ལུ་ བསྒྱུར་བཅོས་འབད་ནི་གི་ གྲོས་འཆར་བཀོད་མི་ ཐོན་ཡོད་རུང་ མི་མང་གིས་ སྒོ་ནོར་གྱི་དོན་ལུ་ རྩྭ་འབྲོག་སྦེ་ སྤྱོད་ནི་ཨིན་ཟེར་སླབ་སྟེ་ མ་བྱིན་པར་ སྲུང་སྐྱོབ་འབད་ཚུགས་ཡོདཔ་བཞིན་དུ་ དེ་ནང་ སྔར་སྲོལ་ལྟར་དུ་ ལ་ནོར་གསོ་སྐྱོང་འབད་མི་ ག་ཡང་མེདཔ་ལས་ ཁོ་གི་ ཨ་པ་གིས་ ཉམས་མ་བཅུག་པར་ བཞག་བཞགཔ་བཟུམ་ཅིག་འདུག་ཟེར་ཨིན་པས།
ཨིན་རུང་ ལ་ནོར་གྱི་ གསོ་སྐྱོང་ལམ་ལུགས་དེ་ ཉམས་འགྱོ་ནི་གི་ དུམ་ཁར་ལྷོད་ཡོདཔ་ལས་ འཕྲལ་མགྱོགས་ར་ ལོ་རྒྱུས་རྐྱངམ་གཅིག་ལུ་ འགྱུར་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment